བོད་མིའི་རང་དབང་འཐབ་རྩོད་ཀྱི་གཙོ་གནད་ལྔ།
༡) ༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད།
༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་མ་འོངས་པར་ཡུན་ནས་ཡུན་དུ་གནས་དགོས་པ་ནི་ཤིན་ཏུ་གལ་ཆེ། ༸གོང་ས་མཆོག་དང་ཁོང་གིས་མཚོན་པའི་༧ཏཱ་ལའི་བླ་མའི་སྒྲིག་འཛུགས་དེ་ནི་ས་མཚམས་དང་། མི་རབས། ཆབ་སྲིད་ཀྱི་དངོས་ཡོད་གནས་སྟངས་སོགས་ལ་མ་བལྟོས་པར་བོད་མི་རིགས་གཅིག་ཏུ་སྒྲིལ་བྱེད་ཀྱི་ཆོས་དང་རིག་གཞུང་གི་སྒྲིལ་ཐག་ལྟ་བུ་ཡིན། བོད་ཀྱི་སྲོལ་རྒྱུན་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་སྲུང་སྐྱོབ་བྱེད་པ་དང་། ལྷག་པར་དུ་རྒྱ་ནག་གཞུང་གི་ཕྱི་ཕྱོགས་ཀྱི་ཐེ་བྱུས་སྔོན་འགོག་ཆེད་ཕྱི་འབྲེལ་དོ་ནན་བྱས་ཏེ། རྒྱལ་སྤྱིའི་རྒྱབ་སྐྱོར་ཤུགས་ཆེར་འཚོལ་རྒྱུ་གལ་ཆེ། བོད་ཀྱི་སྲོལ་རྒྱུན་སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱི་ཁྲིམས་མཐུན་བདག་དབང་ལ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ངོས་འཛིན་གསལ་པོ་ཐོབ་རྒྱུ་ནི་༧གོང་ས་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཀྱི་གནས་བབ་སྲུང་སྐྱོབ་བྱ་རྒྱུ་དང་། བོད་མིའི་གཞི་རྩའི་ངོ་བོ་ཡུན་གནས་ཐུབ་རྒྱུར་འབྲེལ་བ་དམ་ཟབ་ཡོད།
༢) གྲོས་མོལ་དང་བོད་ཀྱི་གནད་དོན་ཐག་གཅོད།
རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བསྐྱར་མཐུད་བྱ་རྒྱུ་ནི་གལ་ཆེན་ཡིན་ཡང་། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ད་བར་མི་ལོ་བཅོ་ལྔ་ལ་ཉེ་བར་གྲོས་མོལ་བསྐྱར་མཐུད་མ་ཐུབ་པར་ཁུ་སིམ་པོར་ལྷག་ཡོད། དུས་ཡུན་དེའི་རིང་ཞི་ཅིན་ཕིང་གིས་འགོ་ཁྲིད་དེ་རྒྱ་གཞུང་གིས་བོད་ནང་དུ་མི་རིགས་རྒྱ་སྒྱུར་གྱི་ལས་འགུལ་སྔར་ལས་སྤེལ་ཤུགས་ཇེ་ཆེར་བཏང་ཡོད་པས། ད་ནི་བོད་མི་ཚོས་གྲོས་མོལ་ཞིག་ལ་བསྒུགས་ནས་བསྡད་ན་རྩ་ནས་འགྲིག་ཐབས་མེད། རྒྱ་གཞུང་དང་ལྷན་དུ་གྲོས་མོལ་མ་ཐུབ་པའི་དུས་འདིར་བོད་མི་ཚོས་ངེས་པར་དུ་རྒྱལ་སྤྱིའི་ཕྱོགས་སྒྲིལ་དཔུང་ཁག་བརྟན་པོ་འཛུགས་སྐྱོང་དགོས་ཤིང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱ་བར་ཐོབ་ཐང་སྲུང་སྐྱོབ་བྱེད་ཐབས་ཀྱི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་སྤྱད་དེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་གསལ་བཤད་དང་རྒྱབ་སྐྱོར་གང་ལེགས་འཚོལ་དགོས། ཐབས་ཚུལ་དེས་བོད་ཀྱི་གནད་དོན་མུ་མཐུད་རྒྱལ་སྤྱིའི་ཁྲོད་གསོན་གནས་ཐུབ་པར་ཕན་པ་མ་ཟད་མ་འོངས་པ་གྲོས་མོལ་ཡོང་རྒྱུའི་གཞི་རྩའང་མུ་མཐུད་གནས་ཐུབ།
༣) བཙན་བྱོལ་བོད་མིའི་མི་འབོར་འཕོ་འགྱུར།
བཙན་བྱོལ་བོད་མིའི་མི་རབས་གསར་རྙིང་བརྗེ་འགྱུར་ཐེབས་བཞིན་པ་དང་བོད་མི་རྣམས་འཛམ་གླིང་ཤར་ནུབ་གང་སར་འཐོར་བཞིན་པའི་གནས་བབ་འདི་ལ་བརྟེན་ནས། གདོང་ལེན་དགོས་པའི་གནད་དོན་གསར་པ་མང་པོ་ཞིག་འབྱུང་བཞིན་ཡོད་ལ་དེ་མཚུངས་ཀྱི་གོ་སྐབས་གསར་པའང་མི་ཉུང་བ་ཞིག་འཆར་བཞིན་ཡོད། དབུས་བོད་མིའི་སྒྲིག་འཛུགས་མུ་མཐུད་བཙན་བྱོལ་བོད་མིའི་འཛིན་སྐྱོང་གི་ལྟེ་བར་གནས་པའི་ཐོག་བོད་མིའི་ངོ་བོ་སྲུང་སྐྱོབ་དང་། མཐུན་སྒྲིལ་དམ་སྲུང་། གཞུང་གི་ལས་དོན་ཚགས་ཚུད་ཡོང་བར་ངེས་པར་དུ་ད་ལྟའི་གནས་བབ་དང་འཚམ་པའི་སྲིད་ཇུས་འདོན་དགོས་པ་གལ་ཆེ། དེ་དང་ཆབ་གཅིག་ཏུ་ཕྱི་རྒྱལ་ཡུལ་གྲུ་གང་སར་ནས་འཚར་ལོང་དང་སྐྱེད་སྲིང་གི་བརྒྱུད་རིམ་མི་འདྲ་བའི་བོད་མི་ཤེས་འཇོན་གཉིས་ལྡན་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་པས། དེ་དག་གི་འཇོན་ནུས་རང་ཕྱོགས་སུ་འགུག་ཐབས་བྱ་རྒྱུ་དེ་ནི་བོད་མིའི་སྒྲིག་འཛུགས་ཡུན་གནས་སྲ་བརྟན་ཡོང་རྒྱུ་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་རྣོ་ངར་ཇེ་ཆེར་ཡོང་རྒྱུ། བོད་དོན་དེ་ཡང་མི་རབས་ནས་མི་རབས་བར་གསོན་གནས་ཐུབ་རྒྱུ་བཅས་ལ་འབྲེལ་བ་དམ་ཟབ་ཡོད།
༤) དཔལ་འབྱོར་སྲ་བརྟན།
ཡུན་གནས་ཐུབ་པའི་བོད་མིའི་སྤྱི་ཚོགས་ཤིག་འཛུགས་སྐྱོང་བྱ་བར་དཔལ་འབྱོར་ཐད་གྲུབ་འབྲས་ལྡན་པའི་འཆར་འགོད་ལེགས་པོ་ཞིག་ཡོད་དགོས་པའང་ཤིན་ཏུ་གལ་ཆེ། བོད་མིའི་སྒྲིག་འཛུགས་ཀྱིས་མུ་མཐུད་ཕྱིའི་རོགས་སྐྱོར་འཚོལ་སྡུད་བྱ་རྒྱུ་དང་ཆབ་གཅིག་ངེས་པར་དུ་སྒྲིག་འཛུགས་དང་འཐབ་རྩོད་ཡུན་གནས་དར་སྤེལ་ཆེད་དུ་འཛམ་གླིང་ཤར་ནུབ་ཀྱི་བོད་མིའི་སྤྱི་ཚོགས་ནང་ཁུལ་ནས་ཐུན་མོང་གི་མ་རྩ་གསོག་འཇོག་བྱ་སའི་རྩ་འཛུགས་དང་ལམ་ལུགས་ལེགས་པོ་ཞིག་འཛུགས་རྒྱུ་གལ་ཆེ། ཁེ་ལས་སྐྱེད་སྲིང་བྱ་རྒྱུ་དང་། ལས་རིགས་གསར་བསྐྲུན་བྱ་རྒྱུ། ཁ་གསལ་གཏིང་གསལ་གྱི་ཐབས་ཇུས་ལག་བསྟར་བྱ་རྒྱུ་བཅས་ནི་བོད་མིའི་དཔལ་འབྱོར་འཕེལ་རྒྱས་དང་རང་སྐྱ་འཕེར་བ་ཡོང་ཐབས་གཙོ་བོ་ཁག་ཡིན།
༥) གྲངས་འཛིན་ལམ་ལུགས་དང་འཛིན་སྐྱོང་ཚགས་ཚུད།
ད་ལྟའི་དུས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འཕྲུལ་རིག་གྲངས་འཛིན་ (digital) གྱི་ངོ་བོར་གང་ཐུབ་བསྒྱུར་རྒྱུ་ནི་གདམ་ག་ཙམ་ཞིག་མ་ཡིན་པར་ངེས་པར་དུ་ལག་བསྟར་དགོས་པའི་གནད་དོན་ཞིག་ཡིན། སྒྲིག་འཛུགས་ཀྱི་ལས་དོན་ཚགས་ཚུད་ལྡན་པ་དང་། ཕྱི་གསལ་ནང་གསལ་ཡོང་བ། ཤར་ནུབ་ཀྱི་བོད་མིའི་སྤྱི་ཚོགས་ཀུན་ལ་ཁྱབ་ཐུབ་པར་དེ་ཉིད་མེད་དུ་མི་རུང་བ་ཞིག་ཡིན། མ་ཟད་འཕྲུལ་རིག་གིས་གཞུང་གི་ལས་དོན་སྟབས་བདེ་རུ་གཏོང་བ་དང་། ལས་ཀའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། བོད་མི་རྣམས་མང་གཙོའི་ལས་རིམ་ཁྲོད་མཉམ་ཞུགས་བྱེད་ཤུགས་ཆེ་རུ་གཏོང་བར་རམ་འདེགས་རྒྱ་ཆེར་སྒྲུབ་ཐུབ། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་འཕྲུལ་རིག་གྲངས་འཛིན་གྱིས་བོད་མིའི་མི་རབས་གསར་པ་རྣམས་རང་གི་སྒྲིག་འཛུགས་ལ་དགའ་ཞེན་དང་མཉམ་ཞུགས་ཡོང་བའི་མཐུན་རྐྱེན་ལེགས་པར་བསྐྲུན་ཐུབ། འཕྲུལ་རིག་གྲངས་འཛིན་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཚགས་ཚུད་དུ་གཏོང་བ་དང་། རྒྱལ་སྤྱིའི་ཁྲོད་ཁྱབ་ཚད་ཇེ་ཆེར་གཏོང་རྒྱུར་ཕན་ཐོགས་ཆེ་བར་ངེས།

